Dark Mode
Saturday, 19 April 2025

རྒྱལ་ཡོངས་ཚོགས་སྡེའི་སྒྲིང་ཁྱིམ།

རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་དེ་ཡང་ ཁྲོམ་ལྟེ་བ་ལས་ ཀི་ལོ་མི་ཊར་༢ དང་ཕྱེད་དེ་ཅིག་གི་ས་ཁར་ བདེ་ཆེན་ལམ་དང་ ཝང་ཆུའི་བར་ན་ རྒྱལ་ཡོངས་ཚོགས་ཁང་གི་ཉེ་འདབས་ གླང་ཇོ་ཕར་ཁ་ལུ་ཆགས་ཏེ་ཡོདཔ་ཨིན།


ཚོགས་ཁང་དེ་ཡང་ ཧེ་མའི་ཚོགས་སྟོན་ཁང་རྙིངམ་དང་ ལྷན་འཛོམས་ལྟེ་བའི་ རྩྭ་ཐང་དང་ མེ་ཏོག་ལྡུམ་ར་ དེ་ལས་ སྣུམ་འཁོར་ བཞག་ཐང་བཅས་ གོ་ཡངས་དྲགས་ཡོད་པའི་ས་ཁོངས་ནང་ གཞི་བཀོད་གཅིག་སྦེ་ བསྐྱར་བསྐྲུན་བཟོ་རྣམ་ཅན་ཅིག་གི་ཐོག་ལུ་ རྐྱབ་ཡོདཔ་ཨིན། སྒྲིང་ཁྱིམ་གཙོ་བོ་དེ་ནང་ ཚོགས་སྡེའི་ཚོགས་ཁང་དང་ ལྷན་འཛོམས་ཁང་ ཆེ་རིམ་སྒུག་བཞུགས་ཁང་ དཔེ་མཛོད་ ཁྲི་འཛིན་གྱི་ཡིག་ཚང་ ཁྲི་འཛིན་འོག་མའི་ཡིག་ཚང་ འཐུས་མི་ཚུ་གི་ཡིག་ཚང་ དེ་ལས་ ཞིབ་འཚོལ་ཞིབ་རོགས་ འགཅ་དཔོན་ཚུ་གི་ཡིག་ཚང་བཅས་ཡོདཔ་ཨིན།


སྒྲིང་ཁྱིམ་གྱི་བཟོ་བཀོད་དང་ བཟོ་རིག་དེ་ཡང་ འབྲུག་ལུགས་ཀྱི་སྒྱུ་རྩལ་དང་ལག་བཟོ་ མཐུན་མོང་མ་ཡིན་པ་གསལ་སྟོན་ འབད་བའི་གཞི་བཀོད་ཅིག་ཨིན། སྒྲིང་ཁྱིམ་འདི་གི་ནང་ནའི་ཆ་ཤས་ཚུ་ རང་ལུགས་ཆོས་ཕྱོགས་དང་འབྲེལ་བའི་ མངོན་གསལ་ ཅན་གྱི་རིས་མོ་ཚུ་གིས་ མཛེས་པར་བརྒྱན་ཏེ་ཡོད། དེ་མ་ཚད་ མཁོ་ཆས་མཐུན་རྐྱེན་ཚུ་ཡང་ དེང་སང་ འཕྲུལ་རིག་དང་ འབྲུག་ལུགས་གཉིས་འདྲེས་མ་སྦེ་བཙུགས་ཏེ་ཡོད། སྒྲིང་ཁྱིམ་གཙོ་བོ་དེ་གི་ཕྱི་ཁར་ ཡིག་ཚང་སྡེ་ཕྲན་ཆུང་བ་ ལྔ་ཡོད་མི་ཚུ་ཡང་ ཡོངས་ཁྱབ་དྲུང་ཆེན་ཡིག་ཚང་དང་ དྲུང་ཆེན་ཡིག་ཚང་ཞབས་ཏོག་སྡེ་ཚན་ ཁྲིམས་བཟོ་དང་ བྱ་རིམ་སྡེ་ཚན་ ཞིབ་འཚོལ་དང་ ཟིན་འགོད་སྡེ་ཚན་ དེ་ལས་ བརྡ་དོན་དང་བརྒྱུན་འབྲེལ་སྡེ་ཚན་ཚུའི་ཡིག་ཚང་ཁག་ཨིན།