དྲུང་ཆེན་ཡིག་ཚང་།
རྒྱལ་ཡོངས་ཚོགས་སྡེ་གིས་
སྤྱི་ཚོགས་དང་འབྲེལ་བའི་ཕྱག་འགན་ཚུ་བསྣམ་ནིའི་ནང་ དྲུང་ཆེན་ཡིག་ཚང་ཅིག་གིས་
ཞིབ་རོགས་འབདཝ་ཨིན། དྲུང་ཆེན་ཡིག་ཚང་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་
རྒྱབ་སྣོན་འོས་སྦྱོར་ཐོག་ འབྲུག་རྒྱལ་པོ་མཆོག་གིས་ བསྐོ་བཞག་གནང་བའི་
ཡོངས་ཁྱབ་དྲུང་ཆེན་ཅིག་གིས་འགོ་འཛིན་འབདཝ་ཨིན། ཡོངས་ཁྱབ་དྲུང་ཆེན་དེ་གིས་
རྒྱལ་ཡོངས་ཚོགས་སྡེའི་འཛིན་སྐྱོང་དང་ དྲུང་ཆེན་ཡིག་ཚང་གི་བདག་སྐྱོང་དང་
འབྲེལ་བའི་ལས་དོན་ཚུ་གི་འགན་ཁུར་འབག་དགོཔ་ཨིན།
དྲུང་ཆེན་ཡིག་ཚང་དེ་ལུ་ནང་གསེས་ སྡེ་ཚན་ཁག་བཞི་ཡོད་མི་ཚུ་ཡང་
དྲུང་ཆེན་ཡིག་ཚང་ཞབས་ཏོག་སྡེ་ཚན་ (བདག་སྐྱོང་དང་དངུལ་རྩིས་སྡེ་ཚན་)།
བརྡ་དོན་དང་བརྒྱུད་འབྲེལ་སྡེ་ཚན། ཁྲིམས་བཟོ་དང་ ཚོགས་ཆུང་ཞབས་ཏོག་སྡེ་ཚན། ཟིན་འགོད་དང་ཞིབ་འཚོལ་སྡེ་ཚན་ཚུ་ཨིན།
དྲུང་ཆེན་ཡིག་ཚང་གིས་ ཁྲི་འཛིན་དང་ འཐུས་མི་ཚུ་ལུ་
རྒྱལ་ཡོངས་ཚོགས་སྡེའི་འཛིན་སྐྱོང་ལག་ལེན་དང་ གཏན་འཇགས་ཀྱི་ ཁྲིམས་ལུགས་ཚུའི་དོན་འགྲེལ་
སྤྱི་ཚོགས་དང་འབྲེལ་བའི་ལག་ལེན་དང་ སྲོལ་ཁྱུན་ཚུ་གི་ཐོག་ལུ་ གྲོས་སྟོན་ཕུལཝ་ཨིན། དེ་བཟུམ་སྦེ་
ཡིག་ཚང་འདི་གིས་ ཚོགས་ཁང་ལུ་ བདག་སྐྱོང་དང་ དངུལ་རྩིས་ དེ་ལས་
ཞིབ་འཚོལ་གྱི་ཞབས་ཏོག་ ཚུ་ཕུལ་ནི་དང་ དཔྱད་ཡིག་དང་ བཅའ་ཁྲིམས་ བཅའ་ཡིག་དང་ ཁྲིམས་ཡིག་ཚུ་
ཟིན་བྲིས་བཏབ་ནི་/བསྐྱར་ཞིབ་འབད་ནི་ ཚོགས་ཁང་གི་ གྲོས་ཆོད་དང་ བྱ་སྒོའི་རིམ་པ་ཚུའི་གནས་ཐོ་གྲ་སྒྲིག་དང་
ཉེན་སྐྱོབ་འབད་ནི་ དེ་ལས་ ཕྱིའི་གཞི་རྟེན་ མཁོ་ཆས་ཚུའི་འཆར་གཞི་བརྩམ་ནི་
གོང་འཕེལ་གཏང་ནི་དང་ རྒྱུན་སྐྱོང་འཐབ་ནི་ཚུ་འབདཝ་ཨིན།