
མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ཐིམ་ཕུག་རྫོང་ཁག་དང་ཁྲོམ་སྡེ དེ་ལས་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་དང་གཅིག་ཁར་གྲོས་བསྟུན་ཞལ་འཛོམས་ ཚོགས་ཡོདཔ་ཨིན།
རྒྱལ་ཡོངས་ཚོགས་སྡེའི་
མི་སྡེ་དང་ལམ་སྲོལ་ཚོགས་ཆུང་གིས་ སྤྱི་ཟླ་༤ པའི་ སྤྱི་ཚེས་༡༦ ལུ་ ཐིམ་ཕུག་རྫོང་ཁག་དང་ཁྲོམ་སྡེ
དེ་ལས་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་དང་གཅིག་ཁར་ ཐིམ་ཕུག་ལུ་ ན་གཞོན་ཚུ་གིས་
སྨྱོ་རྫས་ལོག་སྤྱོད་འབད་བའི་ གནད་དོན་ ཡར་སེང་འགྱོ་དོ་ཡོད་པའི་སྐོར་ལས་ གྲོས་བསྟུན་ཞལ་འཛོམས་
ཚོགས་ཡོདཔ་ཨིན།
གྲོས་བསྟུན་ཞལ་འཛོམས་འདི་ནང་
ཁྲོམ་སྡེ་གིས་ སྤྲོ་སྟོན་ལྟེ་བ་དང་ ཆང་ཁང་ཚུའི་གྱངས་ཁ་དང་ སློབ་ཕྲུག་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་འབད་བའི་
གནད་དོན་ཚུའི་གནས་སྡུད་ཚུ་ཡང་ སྙན་ཞུ་འབད་ཡོདཔ་ཨིན། འདི་དང་གཅིག་ཁར་ རྫོང་ཁག་བདག་སྐྱོང་གིས་
གྲོང་གསེབ་དང་ ཁྲོམ་གྱི་ཉེ་འདབས་ལུ་ སྤྲོ་བའི་གནས་སྟངས་ ཚད་འཛིན་དང་ ལཱ་གཡོག་མེད་མི་
དེ་ལས་ མི་སྡེ་བརྡ་བརྒྱུད་ལས་བརྟེན་ གནོད་པ་འབྱུང་མི་ཚུ་ ཚ་གྱང་ཡོདཔ་སྦེ་ གསལ་ཞུ་འབད་ཡོདཔ་ཨིན།
དེ་ལས་ འགྲུལ་སྐྱོད་སྡེ་ཚན་དང་
འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ལམ་འགྲུལ་ཉེན་སྲུང་དང་ སྨྱོ་རྫས་ལོག་སྤྱོད་ཀྱི་
གོ་བ་བརྡ་སྤྲོད་ཀྱི་ ལཱ་ཚུའི་སྐོར་ལས་ གྲོས་བསྟུན་འབད་ཡོདཔ་མ་ཚད་ སྣུམ་འཁོར་དང་ ཆང་འཐུང་སྟེ་
སྣུམ་འཁོར་བཏང་མི་ བརྡུང་རྫོབ་ཡར་སེང་འགྱོ་མི་ཚུ་ བསལ་ཐབས་ལུ་ ཐབས་ལམ་ཚུ་ གྲོས་འཆར་བཀོད་ཡོདཔ་ཨིན།
དེའི་ཉིན་མར་
ཚོགས་ཆུང་གིས་ ན་གཞོན་ལམ་སྟོན་དང་ ན་གཞོན་གོང་འཕེལ་མ་དངུལ་ དེ་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་དང་གཅིག་ཁར་
ཞལ་འཛོམས་ཚོགས་ཡོདཔ་ཨིན། དེ་བསྒང་ ན་གཞོན་ལམ་སྟོན་གྱིས་ སྨྱོ་རྫས་ལོག་སྤྱོད་ལས་ དྲག་ཐབས་ཀྱི་
གདོང་ལེན་ཚུ་དང་ ན་གཞོན་གོང་འཕེལ་མ་དངུལ་གྱིས་སྨྱོ་རྫས་ལོག་སྤྱོད་ལས་བརྟེན་ མེདཔ་ཐལ་མི་ཚུའི་དོན་ལུ་
བསྐྱར་གསོའི་ལས་རིམ་ཚུ་སྐོར་ལས་ གསལ་ཞུ་འབད་ཡོདཔ་ཨིན། འདི་བཟུམ་སྦེ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་བསྐྱེད་ལས་སྡེ་གིས་
ཆང་རིགས་ལོག་སྤྱོད་ཀྱི་ བཟའ་ཚང་ནང་ གནོད་པ་དང་ ནང་འཁོད་རྩུབ་སྤྱོད་དང་ འབྲེལ་བ་ཡོད་མི་ཚུའི་སྐོར་ལས་
ཚོགས་ཆུང་ལུ་བཤད་ཡོདཔ་ཨིན།
གྲོས་བསྟུན་ཞལ་འཛོམས་ཚུ་ནང་ལས་
ཤེས་རྟོགས་བྱུང་མི་ཚུ་ གནམ་བྱཱར་གྱི་ ཚོགས་ཐེངས་ནང་ གསུང་གྲོས་གནང་ནི་ཨིན་པས།
comment / reply_from
vote / poll
How should the government react to Bhutanese leaving to Australa?
Related Posts
newsletter
newsletter_description